[001A]༄༅། །རབ་བྱུང་བཅུ་བཞི་པའི་ས་ཕག་ལོ་བླ་བྲང་རྒྱལ་མཚན་མགོན་པོ་ནས་བཞེངས་གནང་མགོན་པོ་ཚེ་དཔག་མེད་ཀྱི་དཀར་ཆག་རིན་ཆེན་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །། [001B] །ན་མོ་ཏྲི་རཏྣཱ་ཡ། ཕུལ་བྱུང་རྒྱལ་སྲས་སྤྱོད་པའི་མཐར་སོན་པ། །ས་བཅུའི་དབང་ཕྱུག་རྣམས་དང་སངས་རྒྱས་འབྲིང། །ཐོས་སྒྲོག་ལ་སོགས་བདག་ཉིད་ཆེན་པོའི་ ཚོགས། །གང་གི་ཞབས་མཐིལ་གཙུག་གི་རྒྱན་མཆོད་མགོན། །འོད་སྣང་མཐའ་ཀླས་འཇམ་མཉེན་ཕྱག་ཟུང་དབུས། །དྲང་སྲོང་སྣོད་མཆོག་བདུད་རྩིས་གང་བ་ལས། །འཆི་མེད་དངོས་གྲུབ་ སྤྱི་བོར་ཞུགས་པའི་མོད། །མི་ཤིགས་ཚེ་ཡི་མཆོག་སྩོལ་ཨ་ཡུ་ཥེ། །གང་གི་སླར་གཟུགས་ཆེ་བརྗོད་སྒྲོ་བསྐུར་གྱིས། །མ་བསླད་དྲང་པོའི་ངག་གིས་སྤེལ་བ་ལ། །དད་གུས་ནོར་ལྡན་བློ་ གསལ་སྐྱེ་བོ་ཀུན། །དང་བས་ཉོན་ལ་རྩེ་གཅིག་གསོལ་འདེབས་མཛོད། འདིར་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་ [002A] །སྐུ་བརྙན་གསེར་ཟངས་ལས་བསྒྲུབས་པ་གཡུ་བྱུ་རུ་སྤོས་ཤེལ་མུ་མེན་ཤེལ་ཞུམ་མིག་སོགས་རིན་པོ་ཆེའི་ཕྲ་རྒྱན་གྱིས་སྦ་བ་རབ་བྱུང་བཅུ་བཞི་པའི་ས་ཕག་ལོ་བླ་བྲང་རྒྱལ་མཚན་ མཐོན་པོ་ནས་བཞེངས་གནང་འདིའི་ནང་གཞུག་ཏུ་གཙོ་བོར་ཆོས་སྐུའི་རིང་བསྲེལ་ཚེ་གཟུངས་རིང་ཐུང་སྤེལ་ཚིག་དང་བཅས་པ་འབུམ་ཕྲག་བཅུ། དབུ་གཟུངས་སོགས་ཚང་མ་གོ་རིམ་མ་འཆོལ་བ་ཚང་བར་ བཞུགས་ཤིང་སྐུ་གདུང་དང་སྐུ་བལ་གྱི་རིང་བསྲེལ་སྐོར་ལ། དབུའི་དབྱིངས་གཙུག་ཏོར་གྱི་ནང་དུ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་བོའི་འཕེལ་གདུང་གོང་ས་མཆོག་ནས་སྩལ་བ་གསུམ། སྐུའི་སྟོང་ ཀྱི་ཆར་ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་དབུ་ཞྭ་སྣ་རིང་འཁྲུལ་མེད་བྱམས་ཆེན་ཆོས་ཀྱི་རྗེ་ཤཱཀྱ་ཡེ་ཤེས་པའི་ནང་རྟེན་གྲས་ནས་ [002B] རྒྱལ་དབང་ལུང་རྟོགས་རྒྱ་མཚོའི་དབུ་ཞྭ་སྣ་རིང་སྦུབས། མགྲིན་པར་སྣང་བ་མཐའ་ཡས་རྡོ་རྗེ་འཆང་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་འཇིགས་བྱེད་བསྙེན་ཆེན་མཛད་དུས་ཕྱག་ཏུ་བསྣམས་པའི་ འབེ་ཏའི་བརྒྱ་ཕྲེང་བྱུ་རུའི་མཚམས་འཛིན་དང་གསེར་གྱི་བཅུ་ཤད་གསུམ་ཡོད་པ་བྱིན་ཅན། ཐུགས་ཀར་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཕྱག་ན་པདྨོ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོའི་སྤུར་ཁྲུས་ བྱུགས་པའི་ཐུབ་དབང་གི་གསེར་སྐུ་བྱིན་ཅན་གཞུང་ས་དགའ་ལྡན་ཕོ་བྲང་ནས་གནང་བ་གཅིག་སྐུའི་སྨད་ཀྱི་ཆར་རྒྱལ་དབང་དགུ་པ་བློ་བཟང་བསྟན་པའི་འབྱུང་གནས་ངག་དབང་ལུང་རྟོགས་རྒྱ་མཚོའི་སྐུ་གཟན། བླ་གོས། སྟོད་གོས་ རྣམས་སྦུབས་ཚང་རེ། གཞན་ཡང་འཕགས་པའི་གནས་བརྟན་བཅུ་དྲུག་གི་ན་བཟའི་ཚལ་བུ། ཇོ་བོ་ཨ་ཏི་ཤའི་ན་བཟའི་ཚལ་བུ། འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་ན་བཟའི་ཚལ་བུ། དགེ་ལུགས་པ་གཙོ་བོར་གྱུར་པའི་མཁས་གྲུབ་ ཚད་ལྡན་མང་པོའི་ན་བཟའི་ཚལ་བུ་དང་དབུ་ལོ་སོགས་ཕྱོགས་གཅིག་ཏུ་བཀོད་པ་ལ། རྒྱལ་བ་བཙོང་ཁ་པའི་སྣམ་སྦྱར་དང་སྐུ་མཉེའི་ཚལ་བུ། དེའི་བཞུགས་གདན་དང་རྩར་མོ་ཞབས་བཅགས་ཀྱི་ཚལ་བུ། དེའི་སྐུ་གདུང་ཕྱིས་པའི་དར་ཚལ། མཁས་ གྲུབ་རྗེའི་དབུ་ལོ། སྐུ་ཆོས་ཀྱི་ཚལ་བུ། དེའི་གདུང་ཐལ། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་དབུ་ལོ། གྲུབ་ཆེན་བཟང་པོ་རྒྱལ་མཚན་གྱི་ན་བཟའི་ཚལ་བུ། དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་དབུ་ལོ་དང་སྐུ་ཆོས་ཀྱི་ཚལ་བུ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ [003A]༄༅། །ཀྱི་དབུ་ལོ། རྒྱལ་བ་ཡོན་ཏན་རྒྱ་མཚོའི་དབུ་ཞྭའི་ཚལ་བུ། དེའི་རྟ་ཕྱིང་གི་ཚལ་བུ། ཀུན་མཁྱེན་ལྔ་པ་ཆེན་པོའི་ཕྱག་ཕྲེང་ཐག་པ། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་དབུ་ལོ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ན་བཟའི་ཚལ་བུ། དྲུང་ པ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན་གྱི་དབུ་ལོ། སྔགས་འཆང་དཀོན་མཆོག་རྒྱལ་མཚན་གྱི་དབུ་ལོ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དབུ་ལོ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དབུ་ལོ་ན་བཟའི་ཚལ་བུ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ ན་བཟའི་ཚལ་བུ། རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མའི་ན་བཟའ། དེའི་དབུ་ལོ། རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་སྐུ་ཆོས་ཀྱི་ཚལ་བུ། དབུ་ལོ། དབུ་སྔས་སྟན། དབུ་ལ་སྒྲོན་པའི་མེ་ཏོག་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་ན་བཟའི་ ཚལ་བུ། རྡོ་རྗེ་འཆང་ལྕང་སྐྱ་རོལ་པའི་རྡོ་རྗེའི་དབུ་ལོ་ཉག་མ་གསུམ། རྗེ་བཙུན་དམ་པ་སྐུ་ཕྲེང་བཞི་བའི་ཕྱག་ཕྲེང། དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་ཀྱི་ན་བཟའི་ཚལ་བུ། ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་གྱི་དབུ་ལོ། འཇམ་ དབྱངས་བདེ་བའི་རྡོ་རྗེའི་དབུ་ལོ། ཀློང་རྡོལ་རྗེའི་གདུང་རུས་དབུ་ལོ་གདུང་ནག་རྡོ་རྗེ་འཆང་དཀོན་མཆོག་བསྟན་པའི་སྒྲོན་མེའི་དབུ་ལོ། ཕྱག་ཕྱིས་སྦུབས་ཚང། རྡོ་རྗེ་འཆང་འཇིགས་མེད་རིགས་པའི་སེངྒེའི་དབུ་ལོ། སྟག་ཕུ་པ་བློ་ བཟང་ཆོས་ཀྱི་དབང་ཕྱུག་གི་དབུ་ལོ། སེ་ར་རྩེ་དགེ་བཤེས་དགེ་ལེགས་ཆོས་འཕེལ་གྱི་གདུང་རུས། ཡོངས་འཛིན་ཁྲི་ཆེན་ངག་དབང་སྙན་གྲགས་ཀྱི་དབུ་ལོ། ཁྲི་བྱང་ཆུབ་ཆོས་འཕེལ་གྱི་དབུ་ལོ། རྗེ་བློ་གྲོས་རྒྱ་མཚོའི་དབུ་སྐྱེས། རྒྱལ་དབང་ [003B] དྲུག་པ་ཡེ་ཤེས་རྒྱ་མཚོ། བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ། བརྒྱད་པ་འཇམ་དཔལ་རྒྱ་མཚོ། དགུ་པ་ལུང་རྟོགས་རྒྱ་མཚོ། བཅུ་པ་ཚུལ་ཁྲིམས་རྒྱ་མཚོ། ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན། ཀློང་རྡོལ་གྲུབ་ པའི་དབང་ཕྱུག་རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་འཇིགས་མེད་བསྟན་པའི་རྒྱལ་མཚན། ཁྲི་ཆེན་ས་མ་ཏི་པཀཤི་ངག་དབང་ཚུལ་ཁྲིམས། ཧལ་ཧ་རྗེ་བཙུན་དམ་པ་བློ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་མེད་རྒྱ་མཚོ། ཁྲི་ཆེན་ངག་ དབང་སྙན་གྲགས། ཁྲི་བྱང་ཆུབ་ཆོས་འཕེལ། རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས། རྡོ་རྗེ་འཆང་དཀོན་མཆོག་བསྟན་པའི་སྒྲོན་མེ། རྡོ་རྗེ་འཆང་འཇིགས་མེད་རིགས་པའི་སེངྒེའི་སྤུར་ཚྭ་རྣམས་དང། རྒྱ་བོད་ཀྱི་མཁས་གྲུབ་སྣ་ཚོགས་པའི་ བྱིན་རྟེན་སྐོར་ལ། འཕགས་པ་ཆོས་འཕགས་ཀྱི་ཚེམས། པཎ་ཆེན་ནཱ་རོ་པ་སྙན་གྲགས་བཟང་པོའི་རུས་རྒྱན་རྡོག་གཅིག་མཁས་གྲུབ་རྗེའི་ནང་རྟེན་གྲས་ནས་བྱུང་བ། ཕམ་མཐིང་པ་ཡབ་ཡུམ་གྱི་ན་བཟའི་ཚལ་བུ། ལྷ་བླ་མ་བྱང་ཆུབ་ འོད་ཀྱི་སྐུ་ཤ། ས་ཆེན་ཀུན་དགའ་སྙིང་པོའི་དབུ་ལོ། མཆིམས་ནམ་མཁའ་གྲགས་དང། མཆིམས་བློ་བཟང་གྲགས་པའི་ན་བཟའི་ཚལ་བུ། ཕ་དམ་པའི་སྒོམ་ཐག་གི་ཚལ་བུ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སྣམ་སྦྱར་ཚལ་བུ། མཉམ་མེད་སངས་ རྒྱས་སྒོམ་པའི་ཞབས་བཅགས་ཀྱི་ཚལ་བུ། འཕགས་པ་ཏི་ཤྲཱི་བློ་གྲོས་རྒྱལ་མཚན་གྱི་ན་བཟའི་ཚལ་བུ། མར་པའི་སྐུ་བེར་གྱི་ཚལ་བུ། དེའི་གཙུག་ཏོར་གྱི་ཆ་ཤས། སྲས་དྷརྨ་མདོ་སྡེའི་ཞབས་བཅགས་ཚལ་བུ། ཕག་གྲུ་རྡོ་རྗེ་རྒྱལ་པོའི་ [004A]༄༅། །གདུང་རུས། འབྲུག་པ་ཀུན་ལེགས་པའི་ཤ་གོས། རྭ་ལོའི་ན་བཟའ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྣམ་སྦྱར། ས་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་དབུ་ལོ། ཐང་སྟོན་རྒྱལ་པོ་བརྩོན་འགྲུས་སེངྒེའི་སླེ་བེར་ ཚལ་བུ། པོ་ཏོ་པ་རིན་ཆེན་གསལ་གྱི་དབུ་ཞྭའི་ཚལ་བུ། སེ་སྟོན་བྱམས་པ་རྒྱལ་མཚན་གྱི་སྐུ་ཤམ་ཚལ་བུ། སྒམ་པོ་པ་བཀྲ་ཤིས་རྣམ་རྒྱལ་གྱི་དབུ་ལོ། གྲུབ་ཐོབ་ཨོ་རྒྱན་པའི་སྒོམ་ཐག་གི་ཚལ་བུ། རྗེ་ཀུན་དགའ་གྲོལ་མཆོག་གི་དབུ་ལོ། ཁྲ་ཚང་པ་བློ་ མཆོག་རྡོ་རྗེའི་ན་བཟའི་ཚལ་བུ། རིག་འཛིན་ངག་གི་དབང་པོའི་ན་བཟའི་ཚལ་བུ། པཎ་ཆེན་བི་མ་ལ་མི་ཏྲའི་ཞབས་བཅགས་ཚལ་བུ། ས་སྐྱ་བདག་ཆེན་མཐུ་སྟོབས་དབང་ཕྱུག་གི་གན་སྦྱར། ཀརྨ་མཐོང་བ་དོན་ལྡན་གྱི་དབུ་ལོ། སྭོའི་སྔགས་འཆང་ཆུ་ ཤུལ་བྲག་གདོང་གི་སྐུ་ཤ། འབྲུག་པ་པདྨ་དཀར་པོའི་རྟ་ཕྱིང། གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེའི་དབུ་ལོ། རྗེ་བཙུན་དམ་པ་སྐུ་ཕྲེང་བཞི་པས་དྲིལ་གནང་བྱིན་རྟེན། ཀུན་མཁྱེན་ལྔ་པའི་ཤངས་མཚལ་སོགས་བྱིན་རྟེན་ཁུ་བསྡུས་ཀྱི་རྟེན་འདམ་ རྡོག་གསུམ། ཀླུ་འཇིམ་མི་འཁྲུགས་པ། ཀ་མ་རུའི་རྡོའི་རྨུག་འཛིན་དབང་པོ། ཇོ་བོ་རྗེའི་ཕྱག་ཚྭ་མཆོད་རྟེན་ཡེ་དཧར་ཅན། རྗེ་བཙོང་ཁ་པའི་ཕྱག་ཚྭ། རྒྱལ་ཚབ་དང་མཁས་གྲུབ་རྗེའི་ཕྱག་ཚྭ། རྡོ་རྗེ་འཆང་ལྕང་སྐྱ་རོལ་པའི་རྡོ་རྗེའི་གཟིགས་དཔེ་བདེ་མཆོག་རྩ་རྒྱུད། མཁན་ཆེན་རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས་ཀྱི་ ཐུགས་དམ་རྟེན་མགོན་པོ་ཕྱག་དྲུག་པ། རིན་ཆེན་རིལ་བུ་རྣམ་གྲངས་མང་པོ། བདུད་རྩི་སྣ་ཚོགས། དགའ་ལྡན་དམ་ཅན་ཆོས་རྒྱལ་གྱི་ན་བཟའ། བྱང་ཆུབ་ཤིང་གི་ལོ་མ། རྒྱ་གར། བལ་ཡུལ་མཆོད་རྟེན་རྣམ་གཉིས། ཕེ་རིང། ཡམ་བུ། ཙ་རི་ [004B] སྐྱབས་ཀུན་བདག་ཉིད་གཟི་བརྗིད་རྒྱལ་པོ་ཡི། །སྣང་བརྙན་རིན་ཆེན་ཁམས་ལས་ཉེར་བསྐྲུན་པའི། །དགེ་ཚོགས་ཟླ་བའི་མ་མར་འགྲན་པའི་མཐུས། །བསོད་ནམས་ཀུན་ སྡུད་གླིང་འདི་རྒྱས་གྱུར་ཅིག་འདི་ལ་དད་འདུན་ལྡན་པའི་ལུས་ཅན་ཀུན། །གནས་སྐབས་ཚེ་རིང་བསམ་དོན་ལྷུན་གྲུབ་ཅིང། །ཕྱི་མར་བདེ་ལྡན་ཞིང་དུ་པདྨོ་ལས། །བརྫུས་ཏེ་སྐྱེས་ནས་མགོན་ཁྱོད་མཉེས་བྱེད་ཤོག་དུས་མིན་འཆི་ སོགས་བར་ཆད་གདོན་བགེགས་ཀུན། །མ་ལུས་ཞི་ཞིང་ཚོགས་སྦྱོར་ས་ནས་བཟུང། །རིང་མིན་བདེ་གཤེགས་གོ་འཕང་མངོན་བྱས་ནས། །འགྲོ་ཀུན་འདྲེན་པའི་དཔལ་དུ་བདག་གྱུར་ཅིག་ །ཅེས་རབ་བྱུང་བཅུ་བཞི་པའི་ས་ཕག་ལོ་བླ་བྲང་རྒྱལ་ མཚན་མཐོན་པོ་ནས་བཞེངས་གནང་མགོན་པོ་ཚེ་དཔག་མེད་ཀྱི་དཀར་ཆག་རིན་ཆེན་ལྗོན་ཤིང་ཞེས་བྱ་བ་འྡིའང་ཇིང་གིར་ལྷའི་རིགས་ཀྱི་བཙུན་གཟུགས་་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རང་ལོ་བདུན་ཅུ་སླེབས་པ་ས་ཕག་ལོ་གཅོང་དང་རྒས་ནད་གཉིས་འཛོམ་ པས་གཟུགས་པོས་མི་ལྕོགས་བཞིན་དུ་ཡི་གེར་སྤེལ་བ་མངྒ་ལཾ།།།